བོད་ལྗོངས་ང་ཚོའི་ཕ་ཡུལ།

དམར་པོའི་སྡེར་མོའི་འོག་ན་རང་ཡུལ་དེ་ཤོར་ཡང་།།

མི་ཡུལ་ས་མཐའི་ངོགས་སུ་རེ་བ་ཞིག་བཅངས་ནས།།

རིག་གཞུང་སྐད་ཡིག་གཉིས་པོ་སློབ་རྭ་ཡི་ནང་དུ།།

གཅེས་སྤྲས་རྒྱུན་འཛིན་གནང་བ་ཕུགས་བསམ་གྱི་རྒྱན་འདུག།།

ཞེས་འདི་ལོའི་ཕྱི་ཟླ་༦པའི་ཕྱི་ཚེས་༣ཉིན་སློབ་གྲྭའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ནོར་བོད་ཀྱི་ཆོས་དང་རིག་གཞུང་དང་། སྲོལ་རྒྱུན་བོད་མི་རིགས་ཀྱི་རིག་གནས་དང་། སྐད་ཡིག གཞས་དང་ཞབས་བྲོ སྙན་ངག་གྱེར་འདོན། དེ་བཞིན་གནའ་བོའི་བོད་ཀྱི་འཚོ་གནས་སྐོར་དང་། སྨན་གཞུང་། ལྷག་པར་༧གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་རླབས་ཆེན་ཐུགས་ཀྱི་དགོངས་གཞི་སོགས་ཀྱི་སྐོར་གཏམ་གླེང་ཀྱི་རྣམ་པའི་ཐོག་ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་ལེགས་པར་ཞུས་ཡོད་པ་མ་ཟད། དེ་ནས་ཉིན་རྒྱབ་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་འཛིན་གྲྭ་ཆ་བགོས་ཀྱི་འགྲེམས་སྟོན་དང་། དགེ་སློབ་ཡོངས་ནས་རང་རང་གི་འདོད་མོས་བཞིན་སྐོར་སྐྱོད་ཀྱིས་དྲི་བའི་བརྒྱུད་ནས་བོད་དང་བོད་མི་རིགས་སྐོར་རྒྱུས་ལོན་གང་མང་གནང་ཐུབ་པ་བྱུང་ཡོད།