ལོ་ལྟར་རྒྱ་གར་ནང་ཤེས་ཡོན་པ་སྐུ་ཞབས་ར་དྷ་ཀི་རིཤ་ནན་(Sarvepalli Radhakrishnan’s) མཆོག་གི་སྐུ་ཡི་འཁྲུངས་སྐར་སྟབས་བསྟུན་ནས། ལོ་ལྟར་ཟླ་བ་༩པའི་ཕྱི་ཚེས་ ༥ཉིན་རྒྱ་གར་རྒྱལ་ཡོངས་ནང་དགེ་རྒན་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་དུ་ཡང་ཉིན་དེར་སློབ་མ་ཡོངས་ཀྱི་ལུས་སེམས་ཀྱི་འཚར་ལོངས་དང་། ཤེས་ཡོན་སློབ་སྦྱོང་ཁྲོད་དགེ་རྒན་ལས་བྱེད་ནི་མུན་པའི་ཁྲོད་ཀྱི་སྒྲོན་མེ་བཞིན་རྟག་ཏུ་དཔུང་རོགས་ཤིག་ལ་ངོས་འཛིན་གྱིས། དགེ་རྒན་ལས་བྱེད་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཉིན་དེར་ལས་བྱེད་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་མ་ཟད། སྐབས་དེར་དགེ་རྒན་ལས་བྱེད་དང་། སློབ་ཕྲུག་རྣམས་ཞོགས་པ་ཚོགས་ཁང་ནང་མཉམ་འཛོམས་ཞུས་ནས། ཐོག་མའི་ཆ་ལ་སློབ་གྲྭའི་སྤྱི་ཁྱབ་འགན་བདག་ཚེ་བརྟན་བཟང་མོ་ལགས་ནས་དེ་རིང་གི་དུས་ཆེན་དང་འབྲེལ་ནས་རང་གི་སློབ་གྲྭའི་མི་ཚེའི་མྱོང་ཚོར་ལས་འཕྲོས་ཏེ། དགེ་རྒན་ལས་བྱེད་ཀྱི་བཀའ་དྲིན་དང། སློབ་ཕྲུག་རྣམས་ཀྱིས་མ་འོངས་རང་གི་མི་ཚེའི་ནང་སློབ་གྲྭའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་རྒྱབ་སྐྱོར་ཞུ་དགོས་པའི་ལས་སྟོན་དང་། དེ་བཞིན་ད་ལྟ་རང་གི་སྒོ་གསུམ་ཀུན་སྤྱོད་གང་ལེགས་ཐོག་ཤེས་ཡོོན་ལ་འབད་དགོས་པའི་དྲན་སྐུལ་ཞུས་པ་དང་སྦྲགས། མུ་མཐུད་སློབ་གྲྭའི་འགན་བདག་རྣམ་པའི་སྣེ་འཁྲིད་འོག་གཞས་ཞབས་བྲོ་དང་། རྩེད་མོ་འདྲ་མིན་གོ་སྒྲིག་ཞུས་ནས་དགོད་སྒྲ་དང་མཛུམ་མདངས་ངང་ཉིན་མོ་འདས་པ་དང། དགོང་མོ་ཞལ་ལག་གྲུབ་རྗེས་སླར་ཡང་སློབ་མ་རྒན་གཞོན་བར་གསུམ་ངོས་ནས་བོད་གཙོས་པའི་ཡུལ་ལུང་འདྲ་མིན་གྱི་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་རྗེས། མཐའ་སྡོམ་དེར། རྒན་བསོད་ནམས་བཀྲ་ཤིས་ལགས་ནས་རང་གི་མྱོང་ཚོར་དང་། སློབ་གྲྭའི་སློབ་སྤྱི་མཆོག་ནས་བསྟོད་པའི་བསྔགས་པ་དང་བཅས། དགའ་དགའ་སྐྱིད་སྐྱིད་ངང་ལས་རིམ་མཇུག་སྒྲིལ་བ་བྱས་ཡོད།



