དབྱངས་གསལ་སོ་བཞི་དང་བོད་ཀྱི་ཉིན་མོ།
སྤྱིར་མི་རིགས་ཞིག་རྒྱུན་གནས་ཐུབ་དང་མ་ཐུབ་ནི་མི་རིགས་དེའི་སྐད་དང་ཡི་གེ་ལ་ཐུག་ཡོད་ཅིང། མི་རིགས་དེའི་སྐད་དང་ཡི་གེ་འཇིགས་སོང་ན་མི་རིགས་དེ་ཡང་རང་བཞིན་གྱིས་བརླག་འགྲོ་བ་ཡིན་པས། ང་ཚོ་ཚང་མས་རང་འགན་རང་སྲུང་ཐོག་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་ལ་ཤུགས་གནོན་ཞུ་ཡ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་ལ། ལྷག་པར་དུ་བློ་གསར་གཞོན་སྐྱེས་ཚོར་རིག་གནས་ཤེས་ཡོན་དེ་དག་མཁོ་སྤྲོད་དང་བརྒྱུད་སྤེལ་གནང་དགོས་པ་ཧ་ཅང་གི་གལ་ཆེ་བ་ཡིན།
དེར་བརྟེན་འདི་ལོ་ང་ཚོ་ཅོན་ཏ་ར་བོད་ཡིག་ཚོགས་ཆུང་གི་རྐང་འགན་བཞེས་ཐོག་བོད་ཀྱི་སྐད་ཡིག་གོང་མཐོར་གཏོང་ཐབས་ཆེད་དུ་གཙོ་བོ་སྐད་ཡིག་གི་རྨང་གཞིའི་རྩལ་བཞི་ལ་ཤུགས་གནོན་ཞུ་ཐབས་ལ་དམིགས་ནས་སློབ་མ་ཚོར་ལམ་སྟོན་བྱེད་སྒོ་འདྲ་མིན་ཐོག་ནས་གོ་རྟོགས་སྤེལ་ཐབས་ཞུས་ཡོད་པ་རྣམས་གཤམ་གསལ་ལྟར་ཡིན།
༸གོང་ས་མཆོག་གི་བཀའ་སློབ་ལྗགས་ཀློག སྙན་ཚིག་གྱེར་འདོན། ༸གོང་ས་མཆོག་གི་སྐུ་ཡི་ཐུགས་བསྐྱེད་དམ་བཅའ་བཞི་ལ་གཏམ་བཤད། མཛེས་རིས། ཡིག་གཟུགས། གཏམ་བརྗོད། མཛའ་གླུ། གཏམ་དཔེ་དང་ལེགས་བཤད་བཀོལ་སྤྱོད་བྱས་པའི་གཏམ་བཤད། གཏམ་བརྗོད། གླུ་གཞས། བརྙན་ཐུང་སོགས་སློབ་མ་ཚོར་སྐད་ཡིག་གི་རྩལ་བཞི་པོར་གཙོ་བོར་དམིགས་ནས་ལམ་སྟོན་དང་ངོ་སྤྲོད། བརྒྱུད་སྤྲོད། མཉམ་སྤྱོད། སྦྱོང་སྤེལ་སོགས་གནང་ཡོད།
སློབ་མ་ཚོས་སྦྱོང་བརྡར་སློབ་གཉེར་ཞུས་པའི་ཤེས་ཡོན་རྣམས་མཉམ་སྤྱོད་ཆེད་ཟླ་ ༤ ཚེས་ ༣༠ ཉིན་ཉིན་མཁྱོངས་ལས་རིམ་གནང་ཡོད་ཅིང་། ལས་རིམ་གྱི་ཐོག་མ་ལས་སློབ་ཡོངས་རྫོགས་སློབ་གླིང་གི་སིལ་སྤོལ་རྩེད་ཐང་དུ་ལྷན་འཛོམས་ཀྱིས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་མཆོག་ཞེས་པའི་ལྡེབས་ལེན་གླུ་དབྱངས་ཀྱི་མཆོད་པ་ཕུལ་ཡོད་ཅིང། དེ་ལས་གོང་ཞུས་འཛིན་རིམ་སོ་སོའི་ལས་རིམ་མཉམ་སྤྱོད་དང་། ཉིན་རྒྱབ་དབྱངས་གསལ་སོ་བཞི་དང་འབྲེལ་བའི་བོད་ཀྱི་ཡིག་གཟུགས་ངོ་སྤྲོད་འགྲེལ་བརྗོད་དང་། ལས་སློབ་ཡོངས་རྫོགས་ཀྱིས་ཕ་སྐད་ཀྱི་རྩ་བ་ཡིག་གཟུགས་འདྲ་མིན་བྲིས་ནས་ཉིན་མོ་འདི་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་ཞུས་ཡོད།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed